Close

ཤེལ་ཆོས་དགའ་ལྡན་ལེགས་བཤད་གླིང་གི་ལོ་རྒྱུས་ཕྱོགས་བསྡུས།

༄༅། །ཨོཾ་སྭ་སྟི། སྤྲིན་ལ་བཞོན་དང་བདེ་བྱུང་ཚངས་པ་དང་། །འོད་སྟོང་ལྡན་དང་རྡོ་རྗེའི་མཆུ་ཅན་སོགས། །ཆེར་རློམས་ལྷ་ཡི་གཙུག་གི་ནོར་བུའི་ཁྲིར། །ཞབས་སེན་འགོད་མཛད་ཤཱཀྱའི་རྒྱལ་པོར་འདུད། །རྒྱལ་བས་ཡོངས་བསྔགས་རྒྱལ་བསྟན་འཛིན་པའི་ཏོག །རྒྱལ་དབང་ཡོངས་ཀྱི་ཁྱོན་ན་རི་དབང་བཞིན། །རྒྱལ་ཀུན་སྙིང་རྗེའི་གཏེར་ཆེན་ངུར་སྨྲིག་གར། །རྒྱལ་མཆོག་བསྟན་འཛིན་རྒྱ་མཚོས་ཤིས་པར་སྩོལ།། ཅེས་ཡུལ་དམ་པར་མཆོད་པར་བརྗོད་དེ་ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་གི་ལོ་རྒྱུས་འགོད་པ་ལ།།

དང་པོ་༽ ཇི་སྐད་དུ་བཀའ་གདམས་གླེགས་བམ་ལས། །རྡོ་རྗེ་གདན་ནས་བྱང་དུ་དཔག་ཚད་བརྒྱ། །བགྲོད་མཐར་ཕྱག་ན་པདྨོའི་ཞིང་གངས་ཅན། །དེ་ན་རུ་ལག་ཤེལ་དཀར་རྡོ་རྗེའི་རི། །རྒྱལ་ཡུམ་འཕགས་མའི་གཟུགས་སྐུའི་དབྱིབས་ཅན་ཡོད། །ཅེས་གསུངས་པ་ལྟར་གནས་རི་ཁྱད་པར་ཅན་གྱི་མཐའ་ལ། གནས་ཆེན་བཞི། གངས་ཆེན་བཞི། ཡུལ་ཆེན་བཞི། ཆུ་ཆེན་བཞི་བཅས་དང་། ཉེ་འཁོར་ལ་རྒྱལ་སྲིད་སྣ་བདུན་གྱི་དབྱིབས་ཅན་རི་བོ་བདུན་གྱིས་བསྐོར་བའི་རི་དེའི་པང་པར་ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་ཞེས་གྲགས་པའི་ཆོས་གྲ་ཆེན་པོ་དེ་ཉིད་ཀྱི་ཐོག་མའི་ལོ་རྒྱུས་ནི། སྔོན་བོད་སིལ་བུར་འཐོར་རྗེས་ལ་སྟོད་ལྷོ་བདག་དང་བྱང་བདག་ཅེས་འཛིན་བདག་ཁག་གཉིས་བྱུང་བ་ལས། ལྷོ་བདག་དཔོན་ཆེན་དོན་ཡོད་དཔལ་བཟང་ཕོ་བྲང་རྒྱལ་ཁྲོམ་རིན་ཆེན་སྤོ་ན་བཞུགས་དུས་རྒྱལ་མོ་རིའམ་སྒྲོལ་མའི་རིའི་ཞབས་པུས་གཡོན་པའི་སྐྱིལ་སྟེང་ན་བོད་རབ་བྱུང་བཞི་པའི་ཤིང་གླང་སྟེ། ཕྱི་ལོ་ ༡༢༦༥ ལོར་ཕྱག་འདེབས་མཛད་པའི་ཤེལ་དཀར་ཆོས་སྡེའི་སྒྲུབ་གནས་དགོན་ཆུང་ཞིག་ཡོད་པ་དེར་མཁས་པའི་དབང་པོ་བླ་མ་དཔང་ལོ་ཙཱ་བ་བློ་གྲོས་བསྟན་པ་ཕེབས་ཏེ་གདན་ས་བྱིན་གྱིས་བརླབས་ཤིང་དགོན་དེའི་མཁན་པོའི་ཐོག་མར་མཛད། ས་གནས་འདིར་བཤད་གྲྭ་བཙུགས་ན་དར་རྒྱས་ཆེན་པོ་ཡོང་བའི་ལུང་བསྟན་བཅས་ལྷོ་བདག་དཔོན་ཆེན་དོན་ཡོད་དཔལ་བཟང་ལ་བཀའ་གནང་ཡང་བྱང་དམག་གིས་ཐུགས་བསུན་ཆེ་བས་རེ་ཞིག་འཛུགས་མ་ཐུབ་པར་སླར་ཡང་དགོན་དེའི་མཁན་ཐོག་གཉིས་པ་ལོ་ཆེན་བྱང་ཆུབ་རྩེ་མོས་དཔང་ལོའི་ལུང་བསྟན་དང་བཅས་ཏེ་བཤད་གྲྭ་བཙུགས་དགོས་པ་ལྷོ་བདག་དཔོན་ཆེན་དོན་ཡོད་དཔལ་བཟང་ལ་བཀའ་བསྩལ་ཡང་དགོངས་པ་སྒྲུབ་མ་ཐུབ། དེ་ནས་བདག་ཆེན་ཉིད་ཀྱི་སྲས་སི་ཏུ་ཆོས་ཀྱི་རིན་ཆེན་ཆོས་རྒྱལ་ཟླ་བ་བཟང་པོའི་རྣམ་སྤྲུལ་དུ་གྲགས་པ་རྒྱལ་པོ་པཎྜི་ཏི་ཚུལ་ཅན་དེ་ཉིད་ལ་ལོ་ཆེན་བྱང་ཆུབ་རྩེ་མོས་དཔང་ལོའི་ལུང་བསྟན་དང་བཅས་ཏེ་བསྐུལ་མ་མཛད། ལོ་ཆེན་གྲགས་པ་རྒྱལ་མཚན་ཁོང་གིས་ཀྱང་ཤེལ་དཀར་དུ་ཆོས་སྡེ་ཆེན་པོ་བཙུགས་པར་དགོངས་པ་ལ། སི་ཏུ་ཆོས་ཀྱི་རིན་ཆེན་གྱིས་གདན་དྲངས་ནས་རྗེ་གྲགས་པ་རྒྱལ་མཚན་ལ་མཁན་པོའི་ཞུ་བ་ཕུལ་བར་ཞལ་གྱིས་བཞེས་ཏེ་ལ་སྟོད་འཛིན་མའི་རྒྱན་གཅིག་དཔལ་ཤེལ་དཀར་ཞེས་ཡོངས་སུ་གྲགས་པའི་རྗེ་བཙུན་འཕགས་མ་སྒྲོལ་མའི་གཟུགས་སྐུའི་དབྱིབས་ཅན་གྱི་གནས་གཞི་འདིར་བོད་རབ་བྱུང་དྲུག་པའི་ནང་གི་ཁྲོ་བོ་ཞེས་པ་ཤིང་གླང་ལོར་  ༼ཕྱི་ལོ་ ༡༣༨༥༽ཆོས་རྒྱལ་ཟླ་བ་བཟང་པོའི་རྣམ་སྤྲུལ་ལྷོ་བདག་སི་ཏུ་ཆོས་ཀྱི་རིན་ཆེན་ནས་ཨར་ལས་སོགས་ཀྱིས་མཐུན་རྐྱེན་གྲ་སྒྲིག་དང་། ལོ་ཆེན་གྲགས་པ་རྒྱལ་མཚན་ཉིད་ཀྱིས་ཆོས་གྲྭ་གསར་དུ་བཙུགས་ནས་བཤད་གྲྭའི་མཁན་ཐོག་དང་པོ་ལོ་ཆེན་གྲགས་རྒྱན་ཕེབས་ཏེ་དགེ་འདུན་ཕྱེད་དང་བརྒྱད་བརྒྱ་ཙམ་ལ་དཀའ་ཆེན་སོ་སོ་ལ་འཆད་ཉན་མཛད། རིང་པོར་མ་ལོན་པར་ཕར་ཕྱིན་དང་། ཚད་མ་འགྲེལ་བ་ལ་སོགས་པ་གྲ་སྐོར་བ་ཆོས་ཐོག་རེ་ལ་ཡང་བཞི་བཅུ་ཙམ་བྱུང་། གཞན་ཡང་བཀའ་བཞི་དང་བཀའ་བཅུ་མཁྱེན་པའི་དགེ་བཤེས་བརྒྱ་ཕྲག་དུ་མ་བྱུང་། སྐབས་དེར་ས་སྐྱ་བ་གྲྭ་ཚང་བདུན། བོ་ལུགས་གྲྭ་ཚང་བདུན། དགེ་ལུགས་གྲྭ་ཚང་བདུན་བཅས་གྲྭ་ཚང་ཉེར་གཅིག་བྱུང་། དེ་དུས་དབྱར་དགུན་གྱི་ཆོས་གྲྭར་ཕྱོགས་མཐའ་ནས་དགེ་འདུན་ཕྱེད་བརྒྱད་བརྒྱ་ཙམ་འདུས། ལོ་ཆེན་ཉིད་བཞུགས་དུས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་དང་། རྗེ་བཙུན་རེད་མདའ་བ་ཡང་བྱོན་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རྒྱ་ཆེར་མཛད། ལྷག་པར་༧རྒྱལ་བའི་དབང་པོ་རྗེ་དགེ་འདུན་གྲུབ་པ་སློབ་ཚོགས་ཉེར་གཅིག་དང་བཅས་པ་ཤེལ་དཀར་ཆོས་གྲྭར་ཟླ་ཕྱེད་ཙམ་བཞུགས་ནས་ཀུན་མཁྱེན་ཆོས་བློ་དང་དམ་བཅའ་བགྲོ་གླེང་གནང་ནས་གཞུང་ཆེན་འཆད་ཉན་གྱི་སྲོལ་རྒྱ་ཆེན་པོ་བཏོད་ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་དར་བར་མཛད། སྔ་དུས་ཀྱི་མཁན་པོའི་ཐོག་མ་བླ་མ་དཔང་ལོ་ཙཱ་བ་དང་། མཁན་ཐོག་གཉིས་པ་ལོ་ཆེན་བྱང་ཆུབ་རྩེ་མོ། མཁན་ཐོག་གསུམ་པ་ལོ་ཆེན་གྲགས་པ་རྒྱལ་མཚན། མཁན་ཐོག་བཞི་པ་བོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་མཁན་ཐོག་བཅོ་བརྒྱད་རིམ་བཞིན་བྱོན་ཏེ་མདོ་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། དེ་ནས་༼དགའ་ལྡན་ཆོས་འབྱུང་བཻ་སེར་ལས་་་་་༧འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་དང་ཕྱག་ན་པདྨོ་དགེ་འདུན་གྲུབ་ཀྱི་ཐུགས་གཉེར་གྲྭ་སྐོར་གནང་བ་སོགས་དྲན་དབང་ངང་པ་འདུ་བའི་པད་མཚོ་འགྲན་ཟླ་དང་བྲལ་ཡང་། བདུད་མོ་རྣོ་མྱུར་ནག་མོའི་སྨོན་ལམ་དུས་སུ་བདོ་བས་བྱང་བདག་པོའི་མངའ་ཐང་ཞིང་ཤག་པས་རང་གིར་བཟུང་བ་ནས་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་འཆོལ་བས་འཆད་ཉན་ལྟ་ཞོག  ཕྱི་རབ་བྱུང་གི་རྟགས་དང་འདུལ་སྡོམ་གྱི་རྩ་བ་བཞི་ཡང་འདི་ཡོད་དཀའ་བའི་སྙིགས་མའི་རང་ཞལ་ལྷུག་པར་བསྟན་པའི་སྐབས་འདིར་། སྲིད་ཞིའི་རྣམ་འདྲེན་ ༧རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གི་སྔོན་གྱི་ཐུགས་བསྐྱེད་དང་། སྨོན་ལམ་གྱི་མཐུས་ས་བོའི་གྲྭ་ཚང་གི་ཁྲིམས་འཆལ་ངན་སོང་གི་རྒྱུ་སྒྲུབ་པ་རྣམས་གཞན་དུ་འཕོ་བཅུག  དགེ་ལུགས་ཤར་པ། གསེར་གླིང་། བུར་བརྫི། སྤོ། ཀུན་འཛམ། གནས་འོག གཟེ་མཁར་བཅས་པའི་གྲྭ་རྙིང་ལྡབ་ཕེར་གང་ཡོད་ཐོག  ལ་སྟོད་ལྷོ་ཁུལ་གཉའ་ནང་དང་བཅས་པ་ནས་བུ་ཁྲལ་བསྡུས་ཏེ་གྲྭ་ཚང་འདི་ཉིད་བོད་རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ལོར་༼ཕྱི་ལོ་༡༦༤༥༽དགེ་ལྡན་རིང་ལུགས་ཁེ་གཙང་དུ་འཛིན་པའི་ཆོས་གྲྭ་གསར་དུ་བཙུགས་ནས་དགེ་འདུན་ཞལ་གྲངས་སུམ་བརྒྱ་ལྷག་ཙམ་དང་། མཁན་པོའི་ཐོག་མ་གྲམ་མཚོ་བ་ལེགས་པ་དོན་གྲུབ་ཁྲིར་ཕེབས། དེ་རྗེས་མཁན་ཐོག་གཉིས་པ་ཆབ་ནག་པ་སངས་རྒྱས་དཔལ་འབྱོར། མཁན་ཐོག་གསུམ་པ་མཁན་བཀྲ་ཤིས་རྒྱ་མཚོ་ལ་སོགས་མཁན་ཐོག་སོ་བཞི་དུས་འགྱུར་མ་བྱུང་བར་དུ་རིམ་བཞིན་བྱོན་ཡོད། ༧བཀྲིན་ཟླ་མེད་༧རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་ནས་གནང་སྩལ་བཅའ་ཡིག་ཆེན་མོ་དང་། ཤེལ་བམ་རིན་པོ་ཆེ་བསྩལ། འབྲས་སྤུངས་སྡེ་ཡང་གྲྭ་ཚང་གི་ཡིག་ཆ་གཞིར་བཟུང་གཞུང་ཆེན་ཁག་ལ་འཆད་ཉན་གྱི་སྲོལ་བཏོད་མཛད། མངའ་ཁུལ་དགོན་སྡེ་ཁག་གི་ཁ་འཛིན་དང་། མི་མང་ལ་དབང་བསྐུར་ཆོས་བཤད་སོགས་བླ་མས་སྐྱོང་དགོས་ཀྱང་དགོན་མ་བུ་རྡོ་འབྱར་ཡིན་པ། ཤེལ་དཀར་མངའ་ཁུལ་རིགས་རུས་ཁུངས་བཙུན་གྱི་བུ་གསུམ་བར་པ་ཤེལ་དཀར་ཆོས་སྡེའི་གྲྭ་ཁྲལ་བསྐུལ་ཁོངས་སོགས་བཀའ་ལུང་ཟབ་ཅིང་རྒྱ་ཆེ་བསྩལ། དེ་རྗེས་མི་དབང་ཕོ་ལྷ་བ་ཆེན་པོ་ཤེལ་དཀར་དུ་ཕེབས་ནས་༧རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གསུང་པར་གསར་བཞེངས་མཛད་རྒྱུའི་མ་དཔེར་རྒྱལ་རྩེ་ཐེམ་སྤངས་མ་དང་ཞུས་དག་ངེས་སོང་བཀའ་འགྱུར་རིན་པོ་ཆེ་ཤེལ་དཀར་མེ་ལོང་མ་བསྩལ། ཆོས་སྡེར་པར་ཁང་གི་ལེ་ལག་ཆ་ཚང་གསར་བསྐྲུན་གནང་། དབུས་གཙང་ཁུལ་དུ་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀར་པར་བརྐོས་ཐོག་མ་ཤེལ་དཀར་ཡིན་པ་གྲགས། མི་དབང་མཆོག་ནས་མཆོད་གཞིས་ཁ་སྣོན་སོགས་ཇི་སྙེད་བསྩལ། དེ་རྗེས་གོར་དམག་སྔ་རྗེས་བྱུང་དུས་སུ་བཀའ་བློན་བཤད་སྒྲ་བ་དང་། དྭགས་ཀོང་དམག་མི་མང་པོ་ཤེལ་དཀར་དུ་ཕེབས་པར་དམག་ཕོགས་དགོས་མཁོ་སྤྱི་སྒེར་གཉིས་ནས་ཕུལ་བར་བརྟེན། ༧རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་ཆེན་པོས་སླར་མཆོད་གཞིས་གསར་སྩལ་དང་། གནང་ཡིག་ཤེལ་བམ་རིན་པོ་ཆེ་དགོན་གྱི་དབུ་མཛད་ཐོག་མཁན་ཆུང་གི་གོ་གནས་བཅས་བསྩལ། བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོས་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་བླ་ན་མེད་པ་བསྐྱངས། སྐབས་འདིར་ཆོས་སྡེ་འདིར་ཚོགས་ཆེན་དང་། མཚན་ཉིད་གྲྭ་ཚང་། སྔགས་པ་གྲྭ་ཚང་། ནང་གསེས་ཁང་ཚན་དྲུག་དང་། མི་ཚན་དགུ་བཅས་ཡོད་པའི་སྐྱེས་བུ་དམ་པ་ཇི་སྙེད་ཞིག་ཕེབས་ནས་མདོ་སྔགས་ཀྱི་བསྟན་པ་ཆེས་ཆེར་འཕེལ་ཞིང་།  མདོ་ཕྱོགས་ནས་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་དང་། ཆོས་སྤྱོད་ཀྱི་རིམ་པ། དེ་ཡང་ལོ་རེ་བཞིན་རྣམ་འགྲེལ་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བ་གཞུང་བཅས་ནས་བཀའ་བཅུ་རྙིང་པ་དང་། གསར་པ་སོགས་ཅི་རིགས་པའི་གླེང་སེ་བ་བརྒྱད་རེ་ཐོན་པ་སོགས་མཚན་ཉིད་ཐེག་པའི་བསྟན་པ་དར་རྒྱས་སུ་མཛད་པས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཇི་སྙེད་ཞིག་བྱོན་པའི་ནང་ནས་གྲྭ་ཚང་འདིར་དཀྲིན་བླ་ལྷག་ཏུ་ཆེ་བ་ལུང་རྟོགས་ཡོན་ཏན་དུ་མས་མངོན་པར་མཐོ་བ་༧རྗེ་བཙུན་བླ་མ་སངས་རྒྱས་བསྟན་འཕེལ་དཔལ་བཟང་པོ་སྐུ་འཕྲེང་རིམ་བྱོན་དང་། དཀྲིན་མཚུངས་མེད་༧རྗེ་བཙུན་བླ་མ་བཀའ་འགྱུར་བ་ཆེན་པོ་ངག་དབང་བློ་བཟང་ཚུལ་ཁྲིམས་རྒྱལ་མཚན་དཔལ་བཟང་པོ་མཆོག ༧སྐྱབས་རྗེ་ཤྲཱི་ཆུ་བཟང་སྤྲུལ་སྐུ་རིན་པོ་ཆེ་མཆོག ༧སྐྱབས་རྗེ་ཀུན་རྩེ་སྤྲུལ་སྐུ་རིན་པོ་ཆེ་མཆོག ༧སྐྱབས་རྗེ་མཁའ་རི་སྤྲུལ་སྐུ་རིན་པོ་ཆེ་མཆོག་ལ་སོགས་པའི་གྲྭ་ཚོགས་རིག་པ་སྨྲ་བའི་མཁས་པ་བརྒྱ་ཕྲག་དུ་མ་བྱུང་ངོ་། སྔགས་ཕྱོགས་ནས་གསང་བདེ་འཇིགས་གསུམ་སོགས་ཀྱིས་མཚོན་པའི་རྒྱུད་སྡེ་བཞིའི་འཆད་ཉན་རྒྱུད་སྡེ་སོ་སོ་འབྲེལ་བའི་དཀྱིལ་ཆོག་སོགས་ཆ་ཚང་ཡོད།

གཉིས་པ་༽ དགོན་གནས་འདིའི་ཕྱིའི་རྒྱ་ཁྱོན་ལ། རྫོང་སྐོར་ཕྱི་མ་ལ་རྒྱང་གྲགས་ལྔ་དང་གཞུ་འདོམ་སུམ་བཅུ་སོ་བདུན། ནང་མ་ལ་རྒྱང་གྲགས་བཞི་དང་གཞུ་འདོམ་དྲུག་ཅུ་རེ་ལྔ་ཙམ་གྱི་ས་ཆ་ཡོད་པ་དང་། རྟེན་གྱི་གཙོ་བོ་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ཇོ་བོ་ཤཱཀྱ་ཐུབ་པའི་སྣང་བརྙན་སྐུ་ཚད་ཐོག་བརྩེགས་གཉིས་ཅན་དང་། རྡོ་རྗེ་ཕ་ལམ་དཀར་པོ་ལས་གྲུབ་པའི་ཐུབ་པའི་སྣང་བརྙན་ཐོ་གང་ཙམ་ཞིག གསེར་ཟངས་ཀྱི་བྱམས་པ་ཐོག་ཚད་མ་དང་གསུང་བྱོན་མ་སོགས་གྲངས་མང་། རྡོ་རྗེའི་གཡུ་སྒྲོན་མ་ཐུགས་ཀར་གཡུ་དམར་གྱི་རྡོ་རྗེ་ཡོད་པ་བཅས་ཀྱི་མཚོན་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་ཀྱི་སྣང་བརྙན་གྲངས་ལས་འདས་པ་བཞུགས། ༧རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་བཅོ་ལྔ་དང་། བསྟན་བསྒྱུར་ཆ་ཚང་གསུམ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་རིགས་མེད་སྐྱེས་ཆེན་དམ་པའི་གསུང་འབུམ་ཇི་སྙེད་ཞིག་བཞུགས། ཐུགས་རྟེན་ཁྲོ་ནག་གི་མཆོད་རྟེན་སོགས་བཞུགས་པ་སྔོན་བྱུང་གི་ལོ་རྒྱུས་སྙིང་བསྡུས་དང་།

གསུམ་པ་༽ དེ་ལྟར་ཤེལ་དཀར་ཆོས་སྡེའི་གྲྭ་ཚང་དུ་དགེ་འདུན་པ་སུམ་བརྒྱ་ལྷག་ཙམ་ཡོད་པ་རྣམས་ ༡༩༥༩ ལོར་ཀུན་གྱི་མཁྱེན་ཆོད་ལྟར་རྒྱ་དམར་ཀླ་ཀློའི་བཙན་ཤེད་ངན་དགུའི་གདུག་རྩུབ་གཞུང་སྒེར་ཆོས་འབངས་ཡོངས་ལ་བྱུང་བས། ཤེལ་དཀར་ཆོས་སྡེའི་བླ་མ་གླིང་ག་བཀའ་འགྱུར་བ་ངག་དབང་བློ་བཟང་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་ཡང་སྲིད་གླིང་ག་བྱམས་པ་བློ་བཟང་མཆོག་གིས་མཚོན་པའི་བླ་མ་དགེ་བཤེས་མི་དྲག་དྲུག་ཅུ་རེ་གྲངས་འཇུ་བཟུང་གིས་གཞིས་རྩེ་སོགས་ལ་བཙན་འཁྲིད་བྱས་ནས་མནར་སྤྱོད་དྲག་པོའི་འོག་འགའ་ཞིག་ལྟོགས་ཤི་དང་། འགའ་ཞིག་རང་ཤི། འགའ་ཞིག་མནར་སྤྱོད་ཀྱིས་འོག་འདས་གྲོངས་སུ་གྱུར་ནས་ལྷག་འཕྲོས་མི་གྲངས་བཅུ་གཉིས་ཙམ་ལས་རང་ཡུལ་དུ་ཕྱིར་ལོག་ཐུབ་མེད། དམངས་རྣམས་བཙོན་འཇུག་འོག་རིམ་པར་སྐྱ་ས་བཟུང་དུ་བཅུག་པ་སོགས་བྱུང་། དགོན་གནས་འདི་ཉིད་ཆ་ཚང་རྩ་གཏོར་བཏང་ནས་གྱང་རོ་རེ་ཟུང་ལས་ལྷག་མེད་པ་ཀུན་གྱིས་མཐོང་ཆོས་དང་། དགེ་འདུན་པ་འགའ་ཞིག་བཙན་བྱོལ་དུ་འབྱོར་ནས་༧སྤྱི་ནོར་གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཐུགས་རྗེས་ཐོག་མར་ཤར་ཁུམ་འཇའ་ས་གཞིས་ཆགས་སུ་གཞིས་དགོན་ཐུབ་བསྟན་ཆོས་གླིང་དུ་བཞུགས། ༡༩༨༡ ལོ་ནས་བཟུང་བལ་ཡུལ་མཆོད་རྟེན་རིན་པོ་ཆེའི་ཉེ་འགྲམ་དུ་དགོན་གནས་གསར་བཞེངས་ཀྱིས་ད་ཆ་དགེ་འདུན་ཞལ་གྲངས་བརྒྱད་ཅུ་ལྷག་ཙམ་གྱིས་མདོ་ཕྱོགས་ནས་སེར་སྨད་གྲྭ་ཚང་གི་ཡིག་ཆ་གཞིར་བཟུང་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་དང་། སྔགས་ཕྱོགས་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་ལྟར་གསང་བདེ་འཇིགས་གསུམ་སོགས་ཀྱི་མཚོན་པའི་ཆོ་ག་ཕྱག་ལེན་གྱི་རིམ་པ་གར་ཐིག་དབྱངས་གསུམ་གྱི་སློབ་ཚན་དང་། གྲྭ་ཚང་རང་གི་བཞེད་རྒྱུན་ཐུན་མོང་མ་ཡིན་པའི་ཆོ་གའི་རིགས། དེ་བཞིན་བོད་ཀྱི་རིག་གནས་བརྡ་དག་དང་། རྒྱལ་རབས་ཆོས་འབྱུང་། དབྱིན་ཇི་སྐད་ཡིག་དང་ནཻ་པལ་སྐད་ཡིག རྒྱ་སྐད་སོགས་ཀྱི་སློབ་ཚན་ཡོད་པ་བཅས་ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་གི་ལོ་རྒྱུས་སྙིང་བསྡུས་སུ།།